Friday, 22 July 2016

སློབ་གྲ་ཆུང་བའི་ཟླ་བ་༧སྙན་ཐོ།

སྤྱི་ཟླ་བདུན་པའི་ཚེས་ཤར་ནས་སྤྱི་སྙོམས་ཡིག་རྒྱུགས་དང་སྤྱིར་བཏང་གི་སྦྱོང་བརྡར་གྱི་སླད་དུ་སློབ་ཆུང་སློབ་མ་དག་ལ་འབྲེལ་ཡོད་སློབ་ཚན་སོ་སོའི་རྒན་ལགས་རྣམ་པ་ཚོས་ཚོད་ལྟའི་ཡིག་རྒྱུགས་བཏང་གནང་ཡོད་པ་བཞིན་སློབ་མ་ཚོ་ལ་ཡང་སྦྱོང་བརྡར་གང་ལེགས་ཐོབ་ཡོད་པ་ཞིག་དུས་ཚིགས་དང་པའི་དངོས་གཞིའི་ཡིག་རྒྱུགས་ཀྱི་གྲུབ་འབྲས་ནས་ཁ་གསལ་རྟོགས་ཐུབ་པ་ཞིག་བྱུང་ཡོད་པ་རེད།
སློབ་ཆུང་དགེ་སློབ་ཚོའི་ཉིན་རེའི་ཞོགས་པའི་འདུ་འཛོམས་སྐབས་ཀྱི་བྱེད་སྒོ་རྣམ་བཞག་ཁག་གཅིག་ལ་ནི་འཛིན་གྲ་རེ་མོས་ཀྱིས་ཉིན་རེའི་གཟའ་ཕུར་བུའི་ཞོགས་ཚོགས་སྐབས་སྐད་ཡིག་གཉིས་ཐོག་ནས་༧གོང་ས་མཆོག་གི་བཀའ་སློབ་དང་སྙན་ཚིག གླུ་གཞས་ བཟང་སྤྱོད་ཀྱི་གཏམ་བརྗོད་ ད་དུང་མི་སྣ་གཉིས་དབར་གྱི་གླེང་མོལ་ལ་སོགས་པ་གདེང་ཚོད་ཆེན་པོའི་ཐོག་ནས་བསྐྱོར་འདོན་གནང་བ་སྲོལ་ཡོད། བདུན་རེའི་གཟའ་སྤེན་པ་ཆགས་ཆེན་རྒན་ལགས་རེ་མོས་ཀྱིས་སློབ་མར་ཤིན་ཏུ་ནས་ཕན་པའི་ཡ་རབས་བཟང་སྤྱོད་ཀྱི་ལམ་སྟོན་བཀའ་སློབ་གནང་སྲོལ་ཡོད་པ་ཞིག་ཡིན།
འདི་གའི་སློབ་ཆུང་རྒན་ལགས་རྣམ་པའི་དགོངས་དོན་གཞི་ཟུང་གི་འདི་ལོའི་ཟླ་༣ཚེས་༢༦ནས་སློབ་ཆུང་སློབ་ཕྲུག་ཚོའི་ཕུགས་ལ་ཕན་ཆེ་བའི་མི་ཚེའི་སྦྱོང་བརྡར་ཅེས་པའི་ལས་རིམ་འདི་སྔོན་མ་བཞིན་ལག་ལྟར་མུ་མཐུད་ནས་གནང་བཞིན་ཡོད་པ་མ་ཟད་དེ་ཡང་སློབ་མ་ཚོ་ཡང་སྦྱོང་བློ་ཆེ་བ་མ་ཟད་ཕན་འབྲས་གང་ལེགས་ཡོད་པའི་ལས་རིམ་གནད་འགག་ཆེ་བ་ཞིག་ཡིན་པ་རེད། དེ་ཡང་ བོད་ཡིག་གི་ཀློག་རྩལ་ཞན་པར་བསྐྱོར་ བཟང་སྤྱོད་དང་འབྲེལ་བའི་གཏམ་བརྗོད་ སྤྱི་ཚོགས་ཞབས་ཞུ་ ལྷས་མ་རྒྱག་ཚུལ་ ཁོར་ཡུག་སྲུང་སྐྱབས་ གླིང་བུ་ དེབ་ཀྱི་རྒྱབ་ཤ་ བེད་མེད་བེད་སྤྱོད་ཡོད་པར་བཟོ་ཚུལ་ བོད་ཀྱི་རི་མོ་འབྲི་ཚུལ་ ད་དུང་ལྡུམ་ར་སྐྱོང་ལས་ལ་སོགས་པའི་རྩལ་མང་དག་ཞིག་གི་སྦྱོང་བརྡར་སྤྲད་ཡོད་པ་བཞིན་སློབ་མར་ཕན་འབྲས་གང་ལེགས་བྱུང་ཡོད།






འདི་ལོའི་ནང་གཞི་རིམ་འོག་མའི་བོད་ཀྱི་སྐད་ཡིག་ཡར་རྒྱས་ཡོང་སླད་དུ་སློབ་ཆུང་ཀྱི་བོད་ཡིག་སྡེ་ཚན་གྱི་ཚོགས་མི་རྣམ་པའི་དགོངས་འཆར་གཞི་ཟུང་གི་གཙོ་བོ་སློབ་མར་ལྟ་བྱའི་བོད་ཡིག་སྒྲུང་དེབ་སྒྲུང་དེབ་རིགས་གསར་གང་མང་ཞིག་སྒྲུབ་ཐབས་སླད་དུ་ཟླ་རེའི་ནང་བོད་གཞུང་ཤེས་རིག་པར་ཁང་དང་སམ་བྷོ་ཌའི་དེབ་ཚོང་ཁང་དུ་བཅར་ནས་བོད་ཡིག་སྒྲུང་དེབ་གསར་འཐོན་གང་བྱུང་རིགས་ཉོ་སྒྲུབ་བྱས་ཡོད་པས་ད་ལྟའི་ཆར་གོ་པུར་སློབ་ཆུང་དཔེ་མཛོད་ནང་ཤེས་རིག་པར་ཁང་དང་སམ་བྷོ་ཌའི་དེབ་ཚོང་ཁང་དུ་གང་ཡོད་པ་གཅིག་མཚུངས་ཡོད་པའི་རྣམ་པ་ཞིག་ཡིན།།







ཟླ་བདུན་པའི་ཚེས་༡༡དང་༡༢ ༡༣བཅས་ཉིན་གྲངས་གསུམ་རིང་གསར་དུ་བཀོད་པའི་བོད་ཁྱིམ་གྱི་སྤྱི་ཁྱབ་གཙོ་འཛིན་རྒན་ཐུབ་བསྟན་རྡོ་རྗེ་ལགས་ཕེབས་

ཟླ་བདུན་པའི་ཚེས་༡༡དང་༡༢ ༡༣བཅས་ཉིན་གྲངས་གསུམ་རིང་གསར་དུ་བཀོད་པའི་བོད་ཁྱིམ་གྱི་སྤྱི་ཁྱབ་གཙོ་འཛིན་རྒན་ཐུབ་བསྟན་རྡོ་རྗེ་ལགས་ཕེབས་ནས་སློབ་གླིང་འདི་གའི་ནང་གི་རྒན་བདག་ཚང་མ་ལ་ཟུར་དུ་ལམ་སྟོན་བཀའ་སློབ་དང་ལས་བྱེད་ཡོངས་ལ་བཀའ་སློབ་དང་དམིགས་གསལ་གྱི་བོད་ཕྲུག་ཁྱིམ་སྡེ་ཐོག་མར་དབུ་བཙུགས་ཇི་ལྟར་གནང་ཡོད་དང་དཀའ་སྡུག་ཆེ་བའི་སྐབས་དེར་ཐུགས་འགན་བཞེས་མཁན་དེ་ཡང་སྐུའི་གཅེན་མོ་ཚེ་རིང་སྒྲོལ་མ་ལགས་ནས་རིམ་པས་སྐུའི་གཅུང་མོ་རྗེ་བཙུན་པདྨ་ལགས་བཅས་རྣམ་པ་གཉིས་ཀྱི་བཀའ་དྲིན་ཡིན་པ་དང་སྤྱི་བཏང་བོད་ཁྱིམ་སྤྱི་ཁྱབ་གཙོ་འཛིན་བརྐོ་བཞག་གནང་ཕྱོགས་ད་དུང་དམིགས་བསལ་གྱི་བོད་ཁྱིམ་ཡལ་ལག་ཁག་ཡང་དགོས་པ་རྒྱུ་མཚན་གང་ལ་བརྟེན་ནས་དབུ་བཙུགས་ཞུས་ཡོད་པ་བཅས་གསུང་ཡོད་པ་རེད། དེ་རྗེས་སུ་གོ་པུར་ལས་བྱེད་རྣམ་པའི་དགོངས་འཆར་ཁག་ལ་འཇགས་ལན་གནང་པ་དང་ཉིན་གྲངས་མཐའ་མར་སློབ་གླིང་འདི་གའི་སྡེ་ཚན་ཚང་མར་གཟིགས་སྐོར་དུ་ཕེབས་གནང་ཡོད་པ་རེད།





སྤྱི་ལོ་༢༠༠༨ལོའི་གོ་པུར་སློབ་ཟུར་བ་འཛིན་རིམ་བཅུ་པའི་སློབ་འཐོན་གྱི་སྡེ་ཁག་

འདི་གའི་སློབ་ཆུང་སྡེ་ཚན་གྱི་གློག་ཀླད་ཀྱི་རྒན་པདྨ་འཕྲིན་ལས་ལགས་ཀྱིས་འབྲེལ་མཐུད་གནང་ནས་སྤྱི་ལོ་༢༠༠༨ལོའི་གོ་པུར་སློབ་ཟུར་བ་འཛིན་རིམ་བཅུ་པའི་སློབ་འཐོན་གྱི་སྡེ་ཁག་འགའ་རེས་མ་སྐུལ་དང་བླངས་ཐོག་ནས་བཀའ་དྲིན་མཚོན་སླད་དུ་འགྲོ་གྲོན་བཏང་ནས་འདི་ག་གོ་པུར་སློབ་ཆུང་སྡེ་ཚན་གྱི་གློག་ཀླད་ཁང་དུ་ཤིན་ཏུ་ནས་མཁོ་བའི་CPUགྲངས་༡༥ཞིག་དང་laptopགཅིག ད་དུང་གློག་ཀླད་ཁང་དུ་མཁོ་བའི་པར་སྒྲོམ་ལ་སོགས་པ་གནང་ཡོད་པ་རེད། འདི་གའི་སློབ་ཆུང་ཡིག་ཚང་དུ་ Desktop set  ཞིག་གནང་ཡོད་པ་དང་ཨང་རྩིས་འཁྲིད་ཆས་ཁང་དུ་གློག་ཀླད་ laptop ཞིག་ཡང་གནང་ཡོད་པ་རེད། ད་དུང་སྒྲ་སྒམ་ sound box གཉིས་ཟློས་དགེ་རྣམ་པ་གཉིས་ལ་ཕུལ་ཡོད་པ་རེད། འདི་གའི་ལས་སློབ་ཡོངས་ནས་སློབ་ཟུར་བ་དེ་དག་ལ་བཀའ་དྲིན་ཆེ་ཞུ་བཞིན་མཆིས།





སློབ་གྲ་ཆུང་བའི་ཟླ་བ་༧སྙན་ཐོ།

༡ སྤྱི་ཟླ་བདུན་པའི་ཚེས་༡༡དང་༡༢བཅས་ཉིན་གྲངས་གཉིས་རིང་བོད་གཞུང་ཤེས་རིག་ལས་ཁུངས་ནས་དགེ་རྒན་གྱི་ཁྱད་ལས་དང་གཙོ་བོ་བྱིས་པའི་སེམས་ཁམས་དང་འབྲེལ་བའི་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་ཡོད་པ་བཞིན་ཉིན་རྒྱབ་ཕྱག་ཚོད་
 ༢ ༣༠ནས་ཕྱི་དྲོའི་ཕྱག་ཚོད་༦༣༠བར་འཚོགས་གནང་ཡོད་པ་རེད། སློབ་གྲ་ཆེ་ཆུང་གཉིས་ནས་ཁྱོན་རྒན་ལགས་གྲངས་༣༠ཙམ་ཞིག་གིས་ཟབ་སྦྱོང་དེའི་ནང་འཛུལ་བཞུགས་གནང་ཡོད་པ་བཞིན་ཕན་འབྲས་གང་ཙམ་ཞིག་བྱུང་བའི་རྣམ་པ་གཅིག་གསལ། 
 

 ༢ སྤྱི་ཟླ་ལྔ་པ་དང་དྲུག་པའི་རིང་འདི་གའི་སློབ་ཆུང་སློབ་མ་ཡོངས་ལ་སྒྲུང་དེབ་བཀླག་རྒྱུའི་ལས་རིམ་ཕན་འབྲས་ཤིན་ཏུ་ནས་ཆེ་བ་ཞིག་གོ་སྒྲིག་ཞུས་པ་བཞིན་སློབ་རྒན་འཛིན་རིམ་བཅུ་པ་བཅིུག་དང་བཅིུས་ཀྱི་སློབ་མ་གྲངས་༡༢ཙམ་ཞིག་གིས་མ་སྐུལ་དང་བླངས་ཐོག་ནས་ཕྱག་ཚོད་བཞི་པ་ནས་ལྔ་པ་བར་སློབ་ཆུང་སློབ་མ་ཚོའི་བོད་ཡིག་གི་སྒྲུང་དེབ་ཀློག་སྦྱོང་ཐད་རོགས་བསྐྱོར་ཧུར་ཐག་གནང་ཡོད་པ་རེད། དེ་ཡང་སློབ་རྒན་སློབ་ཕྲུག་རྣམ་པས་ཐབས་ལམ་འདྲ་མིན་ཐོག་ནས་ལམ་སྟོན་ཞུས་ཡོད་པས་སློབ་ཆུང་སློབ་མའི་ཀློག་སྦྱོང་ཐད་ཕན་འབྲས་གང་ལེགས་བྱུང་། 
 
 
 
 

Friday, 15 July 2016

ཟླ་བ་༦དང་ཟླ་བ་༧སྙན་ཐོ།

སྤྱི་ལོ་༢༠༡༦ལོའི་སློབ་ཆུང་སྡེ་ཚན་གྱི་དབྱིན་ཇེའི་སྡེ་ཚན་ནས་གོ་སྒྲིག་ཞུས་པའི་འཛིན་གྲ་ནང་ཁུལ་གྱི་དབྱིན་ཇེའི་མཉམ་གཞས་ཁག་ཟླ་འདིའི་༡༧དགོང་དྲོའི་ཕྱག་ཚོད་༧པའི་ཐོག་འདི་གའི་ཤེས་རབ་འོད་སྣང་ཚོགས་ཁང་དུ་གཟིགས་འབུལ་ཞུས་ཡོད་པ་བཞིན་སྤྱིར་སྔོན་ལོ་ལྟར་འགྲན་བསྡུར་གྱི་རྣམ་པ་གང་ཡང་མེད་རུང་འཛིན་དགེ་དག་གིས་ཐུགས་འགན་གཙོ་བོ་བཞེས་པའི་ཐོག་སྔར་ལས་ལྷག་པ་ཞིག་གི་སྤུས་ཚད་ལྡན་པ་ཞིག་བྱུང་བ་ནི་མིག་མཐོང་ལག་ཟིན་བྱུང་ཡོད་པ་རེད།
སྤྱི་ཟླ་༦པའི་ནང་གི་སྡེ་ཚན་ཚོགས་འདུ་དེ་ཡང་ཁ་ཡོད་ལག་ཡོད་ཀྱི་འཇུག་འབྲས་ལྡན་པའི་ཐོག་འཚོགས་ཡོད་པ་རེད། སྐབས་འདི་དུས་ཀྱི་ཚོགས་འདུའི་དགོངས་འཆར་དག་སྡེ་ཚན་སྣེ་འཁྲིད་པས་ཇི་མ་ཇི་བཞིན་ཟིན་ཐོ་བཀོད་ནས་འབྲེལ་ཡོད་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་འཕུལ་ཡོད་པ་རེད། སྐབས་དེར་བོད་ཡིག་སྐད་ཡིག་ཁང་གསར་བཟོའི་ཐད་གོ་བསྡུར་དང་དེ་དང་འབྲེལ་བའི་འཁྲིད་ཆས་དགོས་མཁོ་ཅི་ཡོད་ད་དུང་ནང་ཆས་བོད་ལུགས་ལྟར་དགོས་པའི་ཐོ་བཀོད་བྱས་ནས་གོང་ལ་ཁ་གསལ་པོའི་ཐོག་འཕུལ་ཡོད་པ་རེད། ཟླ་༦པའི་ཚེས་༢༦ཉིན་ནས་སློབ་གླིང་འདི་གའི་སློབ་སྤྱི་དང་འབྲེལ་ཡོད་སློབ་ཆུང་དགེ་ཆེ་མཆོག་ནས་སློབ་ཆུང་རྒན་ལགས་རྣམ་པའི་སློབ་འཁྲིད་གནང་ཕྱོགས་ལ་གཟིགས་རྟོགས་ལེགས་པར་གནང་ནས་ལེགས་ཉེས་གང་ཡོད་རིགས་དག་ཁ་གསལ་གོ་བདེའི་ཐོག་ནས་དོ་བདག་རྒན་ལགས་སོ་སོར་ཞུས་གནང་བ་དང་ཞན་ཆ་གང་ཡོད་རྣམས་ཀྱང་ཞུས་པ་ཙམ་མིན་པར་དེ་དང་འབྲེལ་བའི་ཐབས་ལམ་ཇི་ཡོད་ཞུས་ཡོད་པ་རེད།


ཟླ་འདིའི་ཚེས་༢༥ཉིན་འདི་ག་གོ་པུར་སློབ་གྲའི་ནང་དུ་འབྲེལ་ཡོད་དགེ་སློབ་ཀུན་གྱིས་རྒྱལ་སྤྱིའི་སྨྱོ་རྫས་སྔོན་འགོག་ཉིན་མོ་དེ་སྲུང་རྩི་ཞུས་ཡོད་པ་རེད། དེ་ཡང་ཞོགས་པའི་འདུ་འཛོམས་སྐབས་སློབ་རྒན་སློབ་མ་དག་ལ་འབྲེལ་ཡོད་སློབ་གྲ་རྒན་པའི་རྒན་ལགས་ཞིག་ནས་ཉིན་མོ་དེ་སྲུང་རྩི་ཞུ་དགོས་དོན་དང་སྤྱོད་མི་རུང་བའིཉལ་ཐ་རིགས་ཀྱིས་ལུས་ཁམས་ལ་གནོད་ཚེ་ཇི་ལྟར་ཡོད་པ། ད་དུང་སྔོན་འགོག་ཇི་ལྟར་གནང་དགོས་བཅས་ཀྱི་ལམ་སྟོན་ཁ་གསལ་ཞུས་ཡོད་པ་རེད། དེ་རྗེས་སློབ་ཆུང་སློབ་མ་དང་བཅས་པས་སློབ་གླིང་ནང་ཉལ་ཐ་རིགས་སྤྱོད་མི་རུང་བའི་འབོད་ཚིག་གིས་སློབ་གྲའི་ཕྱོགས་ཀུན་ལ་འཁྱབ་པར་མཛད།
ཟླ་དྲུག་པའི་ཚེས་༢༩ཉིན་གྱི་གཟའ་ལྷག་པའི་ལྷ་དཀར་གྱི་འདུ་འཛོམས་སྐབས་འདི་གའི་སློབ་ཆུང་གི་སྐུ་དངོས་སྤྱི་འཐུས་ལྟ་གྲུབ་སློབ་དཔོན་རིན་པོ་ཆེ་མཆོག་ནས་ཐུགས་ཀྱི་དགོངས་པ་བརླབ་ཆེན་བཞེས་པའི་ཐོག་སློབ་ཆུང་གི་འཛིན་ཁང་ཁག་བཅུ་གསུམ་ཙམ་ནང་དུ་ཤིན་ཏུ་ནས་མཁོ་བའི་ཤེས་རབ་ཀྱི་ལྷ་འཇམ་དཔལ་དབྱངས་ཀྱི་སྐུ་པར་རེ་རེ་བསྩལ་གནང་བ་རེད། དེ་ཡི་འགྲོ་སོང་ཡོངས་སུ་རྫོགས་པ་ལྟ་གྲུབ་སློབ་དཔོན་རིན་པོ་ཆེ་མཆོག་ནས་་ཁོང་རང་གི་བློ་ཉེ་དག་ལ་ཁོང་རང་གིས་རེ་སྐུལ་ཞུས་ནས་མཁོ་སྒྲུབ་གནང་བ་ཞིག་ཡིན།
ཟླ་འདིའི་ཚེས་༢༩ཉིན་གྱི་ཞོགས་པའི་ལྷ་དཀར་གྱི་འདུ་འཛོམས་སྐབས་དང་བསྟུན་ནས་གོ་པུར་སློབ་ཟུར་བ་དཀོན་མཆོག་འཕྲིན་ལས་ལགས་ཀྱིས་མ་སྐུལ་དང་བླུངས་ཐོག་ནས་ཟླ་གཉིས་ཙམ་རིང་འདི་གའི་སློབ་ཆུང་དཔེ་མཛོད་དོ་དམ་རྣམ་རྒྱལ་ཆོས་སྒྲོན་ལགས་ལ་ཕྱག་རོགས་སུ་ཕེབས་པ་དེར་འཚམས་འདྲིའི་བཀྲིས་བདེ་ལེགས་མཚོན་ཆེད་དུ་སྐུ་དངོས་སྤྱི་འཐུས་ལྟ་གྲུབ་སློབ་དཔོན་རིན་པོ་ཆེ་མཆོག་ནས་མཇལ་དར་ཞིག་འཕུལ་གནང་ཡོད་པ་རེད།